OOPS!!~我們已經調派了一群強而有力的猴子進行時間系統的修補了!
霸榮噶舉傳承
上方的裝飾圖
法本
2012-04-17 08:15:10
(1)ཕྱག་ཆེན་ཆོས་དྲུག་ཟུང་གི་སྔོན་འགྲོ།

༄༅། །ཆོས་རྗེ་འབའ་རོམ་པའི་ཕྱག་ཆེན་ཆོས་དྲུག་ཟུང་གི་སྔོན་འགྲོའི་ཁྲིད་རིམ་ངག་འདོན་དང་བཅས་པ་ངེས་དོན་ལམ་བཟང་ཐར་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
༄༅། །ན་མོ་གུ་རུ་པུཎྱེ་བྷ་དྲ་ཡེ། ཆོས་ཉིད་གཞི་རྫོགས་ལམ་གྱི་རབ་གསལ་ཞིང༌། །ངེས་པ་དོན་གྱི་རིན་ཆེན་གྲུ་ཆར་འབེབས། །འགྲོ་ཁམས་ཕོངས་པའི་མཚོ་ལས་སྒྲོལ་མཛད་པ། མཆོག་གསུམ་འདུས་ཞལ་བླ་མར་གུས་པས་འདུད། དེའང་འདིར་དཔལ་ལྡན་འབའ་རོམ་པའི་ཕྱག་ཆེན་སྔོན་འགྲོའི་ཁྲིད་རིམ་བགྱི་བ་ལ་གཉིས། ཐུན་མོང་དང༌། ཐུན་མོང་མ་ཡིན་པའོ། །དང་པོ་ལའང་བཞི། དལ་འབྱོར་རྙེད་པར་དཀའ་བ་བསམ་པ། དེ་ཉིད་མི་རྟག་པར་ཤེས་པ། ལས་འབྲས་བསླུ་མེད་དུ་བསྟན་པ། སྲིད་པར་འཁོར་བའི་སྡུག་བསྔལ་ལ་གཞིག་པའོ། །དང་པོ་ནི། དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ཞེས་པ་རྙེད་པར་དཀའ་ཞིང་དཀོན་པའི་ཚུལ་ཡང་རྒྱུ་དང་དཔེ་དང་གྲངས་ཀྱི་སྒོ་ནས་སེམས་ལ་གཞིག་འདྲིལ་བལྟ་ཞིང་ཤེས་པར་བྱ་སྟེ། དེ་ཡང་དང་པོ་དལ་བ་བརྒྱད་ནི། མི་ཁོམ་པའི་གནས་བརྒྱད་དུ་མ་སྐྱེས་ཤིང་ཆོས་སྒྲུབ་པའི་བློ་ཡོད་ན་བར་ཆད་མེད་ཅིང་ངེས་པར་བསྒྲུབ་ཆོག་པའི་མི་ལུས་བཟང་པོ་ཞིག་ཏུ་སྐྱེས་པ་འདི་ནི། ཇི་སྐད་དུ། དམྱལ་བ་ཡི་དྭགས་དུད་འགྲོ་དང༌། །ཀླ་ཀློ་ཚེ་རིང་ལྷ་དང་ནི། །ལོག་ལྟ་སངས་རྒྱས་ཀྱིས་སྟོངས་པ། །ལྐུགས་པ་འདི་དག་མི་ཁོམ་བརྒྱད། ཞེས་གསུངས་པ་ལྟར། དམྱལ་བ་ནི་སྡུག་བསྔལ་འབའ་ཞིག་ལ་གཅོད་སྦྱོང་བྱེད་པ། དགེ་བ་མ་བསྒྲུབས་ཤིང་སྡིག་པ་བྱས་པའི་ལས་ཡིན་པར་ཤེས་ཀྱང་བྱ་ཐབས་བྲལ་བཞིན་པ་ལས་མ་མཆིས། ཡི་དྭགས་ནི་བཀྲེས་སྐོམ་གྱིས་ངལ་ཞིང་ལུས་ཀྱི་ཉམས་ཟད་པ་དང། རང་དབང་མ་མཆིས་པར་དགེ་བ་སྒྲུབ་པའི་བློ་མེད་པ་སོགས་དང༌། དུད་འགྲོ་ནི་མ་རིག་གཏི་མུག་གིས་སྒྲིབ་ཆེས་པས་དགེ་བ་ལྟ་ཞོག འདུ་ཤེས་གསུམ་མ་གཏོགས་མེད་པས་དགེ་སྡིག་མིང་ཙམ་མ་གོ་ཞིང་མི་མཐོང་བ་སོགས་ངན་འགྲོ་གསུམ་ལས་ངན་གྱི་སྣང་བ་མཐུག་ཆེ་བས་ཆོས་ཀྱིས་གྲོལ་བ་ཤིན་ཏུ་དཀའ་བའི་གནས་དང༌། ལྷ་ཚེ་རིང་པོ་ནི་བསྐལ་པ་ཆགས་འཇིགས་མང་པོའི་ཡུན་དུ་གནས་ཀྱང་ཆོས་སྟོན་པ་པོ་མེད་པས་དགེ་བ་ཅི་ཡང་མ་གྲུབ་ཅིང་སེམས་ཀྱི་འདུ་ཤེས་རང་རང་གི་གནས་དེར་ཡུན་རིང་ཆེ་བས་འཕོ་མི་ཐུབ་པས་སྡུག་བསྔལ་རིང་པོར་མྱོང་ནས་ཆོས་ཀྱི་སྐལ་པ་ཆད་པ་དང༌། དེ་དག་རྣམས་ནི་ཕལ་ཆེར་འཇིག་རྟེན་གཞན་ནོ། འཇིག་རྟེན་གྱི་གནས་འདིར་ཀླ་ཀློ་ཞེས་པ་ཚུལ་མིན་གྱི་ཆོས་ལུགས་ཡེ་ནས་ཁོ་རང་གི་སྟོན་པ་སློབ་མ་བཅས་པ་ཕྱོགས་རེར་ཞེན་ཅིང་ནང་པ་སངས་རྒྱས་དང་དམ་པའི་ཆོས་ལ་མི་དད་པར་དོན་མེད་པར་འགྱུར་བའོ། །ལོག་པར་ལྟ་བ་ནི་རང་ཉིད་སྔོན་ནས་ལས་ཀྱི་དབང་ངམ་འཕྲལ་དུ་གྲོགས་ངན་གྱི་རྐྱེན་གྱིས་དཀོན་མཆོག་གསུམ་ལ་མི་དད་ཅིང་སྡིག་ལ་དགའ་བའོ། །སངས་རྒྱས་སྟོང་འབྱོན་པའི་བསྐལ་པ་རེ་གཉིས་མཚམས་དང་མང་པོའི་མཚམས་ནས་བསྐལ་པ་འཇིག་ཅིང་སླར་ཆགས་པར་འགྱུར་ཀྱང་སངས་རྒྱས་མི་འབྱོན་ཅིང་དམ་པའི་ཆོས་ཀྱང་མ་གསུངས་པས་ཆོས་ཀྱི་སྒྲ་ཚིག་གཅིག་ཀྱང་རྣ་བར་མི་ཐོས་པ་མུན་པའི་བསྐལ་པ་ཞེས་དེར་མིའི་ལུས་ཐོབ་ཀྱང་དོན་མེད་ལ། མི་ཉིད་ཀྱང་ངག་ལས་སུ་མ་རུངས་པས་འདྲི་བ་དང་ལེན་འདེབས་པ་མེད་ཅིང་དེར་བརྟེན་རྣ་བ་ཡང་ལས་སུ་མ་རུངས་བས་ཆོས་ཀྱི་སྒྲ་དོན་མི་གོ་བས་བྱོལ་སོང་ལྟ་བུར་གྱུར་པ་རྣམས་ནི་ཆོས་བསྒྲུབ་ཏུ་མི་ཁོམ་པ་བརྒྱད་དང༌། དེར་མ་སྐྱེས་པས་དལ་བ་བརྒྱད་དོ། །འབྱོར་པ་བཅུའི་དང་པོ་རང་འབྱོར་ལྔ་ནི། དེའང་རྩ་བའི་ཚིག་རྐང༌། མི་ཉིད་དབུས་སྐྱེས་དབང་པོ་ཚང༌། །ལས་མཐའ་མ་ལོག་གནས་ལ་དད། ཅེས་གསུངས་པས། སྤྱིར་སེམས་ཅན་ཐམས་ཅད་ཀྱི་བར་དོའི་རྣམ་པར་ཤེས་པ་རྟེན་ཆགས་པའི་ལུས་ཤིག་བླངས་ཀྱང་ཕན་པ་མེད་དེ། ད་རེས་ཁམས་དྲུག་དང་ལྡན་པའི་མི་ལུས་གཙང་མ་ཐོབ་པ་དང་གཅིག ཆོས་ཚིགས་ཡུལ་དབུས་ཆོས་སྤྱི་དང་སྙིང་པོ་བླ་མེད་ཀྱི་ཆོས་དར་བའི་གནས་དེར་སྐྱེས་པ་དང་གཉིས། ལུས་དེའང་ལོང་བ་དང་འོན་པ་སྨྲ་མི་ཤེས་པ་ཞ་བོ་སྐྱོན་ཅན་སོགས་ནད་ངན་པས་མནར་བ་མ་ཡིན་པར། ལུས་དང་ཡན་ལག་ཚང་ཞིང་རྫོགས་པ་ཡིད་ཀྱི་དབང་པོ་གསལ་ཞིང་བཀྲ་བ། དགེ་སྡིག་གི་དོན་བྱེད་ནུས་པ། ཕ་མ་ཡང་ལས་དཀར་ནག་ཤེས་པའི་བུར་སྐྱེས་པ་དང་གསུམ། དེ་ཡང་ལས་ཀྱི་མཐའ་མ་ལོག་པས་དགེ་བའི་བསམ་སྦྱོར་དང་ལྡན་ཞིང་བླ་མ་སློབ་དཔོན་མཁན་པོ་སོགས་གང་རུང་གི་རྗེས་སུ་འཛིན་ཅིང་དམ་པའི་ཆོས་བཞིན་བསྒྲུབ་བོ། །སྡིག་པའི་ལས་ཅི་ནུས་སུ་སྤང་དགོས། བདག་དགེ་བ་སྒྲུབ་མཁན་གྱི་གྲངས་དང་གྲལ་ཡིན་སྙམ་པའི་བློ་ཆོས་ཕྱོགས་སུ་ཕྱོགས་པ་དང་བཞི། བདག་ཅག་གི་སྟོན་པ་རྫོགས་པའི་སངས་རྒྱས་དང་དེས་གསུངས་པའི་དམ་པའི་ཆོས་ཐེག་པ་ཆེ་ཆུང་གི་རིགས་དགེ་འདུན་བླ་མ་སོགས་མཆོད་དང་སྐྱབས་སུ་འོས་པ་རྣམས་ལ་ཤུགས་ཀྱིས་དགའ་བ་དང༌། དེ་དང་མཉམ་དུ་འགྲོགས་འདོད་པ་གུས་ཤིང་དད་པ། དེའི་རྗེས་སུ་འཇུག་འདོད་པ། གོང་ལྟར་ཡུལ་གྱི་རྒྱལ་པོ་དང་དཔོན་པོ་དང་ཕ་མ་སོགས་ཀྱིས་དགེ་བ་བསྒྲུབ་རུང་མིན་སོགས་བཀག་འགོགས་ཀྱི་རང་དབང་མི་འདུ་བ་སོགས་མེད་པ། རང་གིས་ཆོས་བསྒྲུབ་པར་ནུས་ན་རང་དབང་རང་ལ་ཡོད་པ་བཅས་རང་འབྱོར་ལྔའོ། །གཞན་ངོས་ནས་རང་ལ་འབྱོར་པ་ལྔ་ནི། ཇི་སྐད་དུ། སངས་རྒྱས་བྱོན་དང་དེས་ཆོས་གསུངས། །བསྟན་པ་གནས་དང་དེའི་རྗེས་འབྲང༌། །གཞན་ཕྱིར་སྙིང་ནས་བརྩེ་བའོ། །ཞེས་གསུངས་པ་ལྟར། དེ་ཡང་ཡུལ་མུན་པའི་བསྐལ་པ་ལྟ་བུ་སངས་རྒྱས་མ་བྱོན་ཞིང༌། ཆོས་མ་དར་བ་དེ་ལྟ་བུ་མ་ཡིན་པར། རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་བྱོན་ཞིང་ཆུང་ངུའི་དུས་དེར་ཆོས་དང་གདམས་ངག་སྟོན་པའི་སྟོན་པ་མ་བཞུགས་པའམ་མེད་པ་སོགས་མ་ཡིན་པ་དང་གཅིག དེ་དག་གིས་ཀྱང་དམ་པའི་ཆོས་ཉི་མ་ཤར་བ་བཞིན་རང་གང་ལ་མོས་པའི་ཐེག་པ་རིམ་དགུའི་ཆོས་དང་སྡེ་སྣོད་ཐམས་ཅད་གསུངས་པ་དང༌། གསུང་བར་འགྱུར་བ་སོགས་དང་གཉིས། ལུང་རྟོགས་ཀྱི་བསྟན་པ་ཡང་གནས་པར་མ་ཟད་དུས་འདིར་སྙིང་པོ་རྟོགས་པའི་བསྟན་པ་ཡིན་པར་གསུངས་པ་དང་གསུམ། དེ་ཡང་འཕགས་ཡུལ་དུ་མུ་སྟེགས་སོགས་གྲུབ་མཐའ་གཞན་གྱིས་དབང་བྱས་པ་དང༌། རང་ཕྱོགས་ནས་ཉན་ཐོས་སནྡྷ་པའི་རིགས་ཡོད་པ་རྣམས་ཀྱིས་ཐོ་འཚམས་པའི་དབང་གིས་ཐེག་ཆེན་བྱང་ཆུབ་ཀྱི་སེམས་དང༌། གསང་སྔགས་སྤྱོད་ཡུལ་དུ་དཀའ་བས་ད་ལྟ་བོད་ཡུལ་འདིར་སྙིང་པོའི་བསྟན་པ་དར་ཞིང་ཆོས་ཚིགས་ཀྱི་ཡུལ་དབུས་ཡིན་ཕྱིར་བསྟན་པ་གནས་ཤིང་དེ་དག་གི་རྗེས་སུ་འཇུག་པའི་སྐལ་ལྡན་དུ་གྱུར་ཅིང་དམ་པའི་ཆོས་དང་སྐྱེས་བུས་ཡོངས་སུ་ཟིན་པའི་སྐབས་འདིར་ལུས་འདི་ཐ་མལ་དུ་མི་བཞག་ཅིང་དགེ་བ་ལ་བཀོལ་དགོས་པ་དང་བཞི། འཁོར་བ་ཐོག་མ་མེད་པ་ནས་ཕ་མར་གྱུར་པའི་སེམས་ཅན་འདི་རྣམས་ལ་འཕྲལ་དང་ཡུན་དུ་བདེ་བའི་ཕན་རླབས་པོ་ཆེ་ཞིག་འདོགས་དགོས། དེ་ཡང་རང་ཉིད་ཉོན་མོངས་པ་འཁོར་བའི་སྡུག་བསྔལ་དང་མ་བྲལ་བར་འདི་ཀ་ཁོ་ནས་ཕན་འདོགས་པར་མི་ནུས་པས། ད་ལྟ་ཆོས་སྒྲུབ་པའི་རྟེན་དལ་འབྱོར་གྱི་མི་ལུས་ཤིན་ཏུ་ཐོབ་པར་དཀའ་ཞིང་དཀོན་པའི་ཡིད་བཞིན་དབང་གི་རྒྱལ་པོ་ལྟ་བུ་འདི་རྙེད་པའི་སྐབས་འདིར་རང་གི་ཆོས་གཤའ་མ་ཞིག་བསྒྲུབས་ནས་འཁོར་བའི་རྒྱ་མཚོ་ལས་བསྒྲལ་ཅིང་ཐར་པའི་སྐམ་སར་ཕྱིན་ནས་འགྲོ་བ་མ་ལུས་པ་སྡུག་བསྔལ་གྱི་ཆུ་བོ་ཆེན་པོ་བཞི་ལས་བསྒྲལ་དགོས་སྙམས་པའི་བསམ་པ་རྒྱ་ཆེ་ཆུང་གང་རིགས་ཤིག་ཡོད་བཞིན་པ་དང༌། གཞན་ངོས་ནས་ཀྱང་རང་གི་དམ་པའི་ཆོས་ལ་འབད་པས་བསམ་སྦྱོར་གྱིས་སྙིང་ནས་བརྩེ་ཞིང་ཕན་པའི་བསམ་པས་བསྐྱངས་ཏེ་མཐུན་པའི་རྐྱེན་ལས་གནོད་སེམས་མེད་པ་དང་ལྔའོ། །དེ་ཡང་དལ་བ་བརྒྱད་དང་འབྱོར་བ་བཅུ་ཚང་བའི་མི་ལུས་ནི་བསྐལ་པ་དཔག་ཏུ་མེད་པར་ཚོགས་ཅུང་ཟད་བསགས་པའི་མཐུས་འཕགས་བའི་ལུས་འཇིག་རྟེན་འདིར་ཆེས་དཀོན་པ་འདི་ཆུད་ཟོས་སུ་མ་སོང་བར་དམ་པའི་ཆོས་ལ་བཀོལ་དགོས་པ་ཡང༌། རྫོགས་པའི་སངས་རྒྱས་ཀྱི་ཞལ་ནས། དཔེར་ན་ཚོང་པ་རིན་ཆེན་གླིང་དུ་སོང་ནས་ནི། ཟོང་ཟད་སླར་ལོག་ལྟར་དུ་མི་རུང་ངོ༌། ཞེས་དང༌། སློབ་དཔོན་ཞི་བ་ལྷའི་ཞལ་ནས། མི་ཡི་གྲུ་ལ་བརྟེན་ནས་ནི། །སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ། །གྲུ་འདི་ཕྱིས་ནས་རྙེད་དཀའ་བས། །རྨོངས་པ་དུས་སུ་གཉིད་མ་ལོག །ཞེས་གསུངས་པ་ལྟར་ལ་རྟོགས་པར་རིགས་སོ། དེ་ཡང་དཀོན་པའི་ཚུལ་ནི། རྒྱུ་དང་དཔེ་དང་གྲངས་ཀྱི་སྒོ་ནས་རྙེད་པར་དཀའ་ཚུལ་གོང་མའི་ཁྲིད་རིམ་མང་པོ་ནས་གསལ་ལྟར་ལས་འདིར་ཡི་གེ་མང་གིས་དོགས་ནས་བསྡུས་དོན་དུ་བགྱིས་པའོ། །དེ་ལྟར་གསལ་འདེབས་པའི་ཕྱིར། འཇིག་རྟེན་འདི་ན་ཡིད་བཞིན་ནོར་བུ་ལས། །རྙེད་པར་བྱེ་བ་སྟོང་གིས་དཀའ་བའི་གནས། །དལ་འབྱོར་རྒྱུ་དཔེ་གྲངས་ཀྱིས་ཐོབ་དཀའ་བ། །བསྐལ་པ་སྟོང་གི་བསོད་ནམས་མཐུས་གྲུབ་པ། །ཐོབ་འདི་ཆུད་ཟོས་མེད་པར་དོན་ཡོད་བྱ། །དེ་ལྟར་ཤེས་ནས་ངེས་པར་དགེ་ལ་བརྩོན། ཅེས་བསྒོམ་པར་བྱའོ། །གཉིས་པ་ནི། དལ་འབྱོར་གྱི་རྟེན་བཟང་པོ་ཐོབ་ཀྱང་དེ་ཉིད་ཡུན་དུ་རྟག་པའི་ངེས་པ་མེད་ཅིང༌། དེ་ལྟར་ཅིའི་ཕྱིར་ཞེ་ན། ཕྱི་སྣོད་འབྱུང་བ་མི་རྟག་པ་བསྐལ་པ་ཆགས་འཇིག་ནམ་ཟླ་དུས་བཞིའི་འགྱུར་ལྡོག་ཉིན་མོ་དང་མཚན་མོ་སྔ་དྲོ་དང་ཕྱི་འཕྲད་ཉི་ཟླ་གཟའ་སྐར་གྱི་འཆར་ནུབ་སྤྲིན་དང་ཁུ་རླངས་སོགས་ཀྱིས་ནམ་མཁའ་སྟོང་པ་ཡང་སྐད་ཅིག་གིས་འགྱུར་ལྡོག་དང༌། བཅུད་ཀྱི་སེམས་ཅན་ཐམས་ཅད་སྐྱེ་འཆི་བར་མ་དོ་ཡི་འདོར་ལེན་ཤ་ཁྲག་སྲེད་ལེན་གྱི་ཕུང་པོ་སོས་ཀའི་ནམ་མཁའ་ལྟ་བུ། ལོ་དང་ཟླ་བ་ཞག་ཆུ་ཚོད་སོགས་ཀྱི་ནམ་འཆི་ཆ་མེད་ཚེ་འདི་ལྟ་བུ་ཡོད་དོ་ཞེས་ངེས་ཀྲིག་ཅུང་ཟད་ཀྱང་མེད་ཅིང་རྒས་པ་དར་མ་བྱིས་པ་སོགས་སུ་ཤི་ངེས་པ་མེད་ལ་རང་ཉིད་ཀྱི་ཆེ་ཙམ་དང་ཆུང་ཙམ། ན་ཟླ་ལོ་མཉམ་སོགས་ན་ནིང་ད་ལོ་རྣམས་སུ་དུ་ཙམ་ཤི་བ་དང༌། ཁྱད་པར་མ་ལས་སྐྱེས་མ་ཐག་ནས་དབུགས་གྲངས་གང་རྒྱུ་བ་དེ་འཆི་བར་ཕར་ཉེ་བ་ཡིན་ཞིང༌། དེ་ཡང་སྤྱོད་འཇུག་ལས། དེ་རིང་ཁོ་ན་མི་འཆི་ཞེས། བདེ་བར་སྡོད་པ་རིག་མ་ཡིན། ཞེས་གསུངས་པ་ལྟར། ཅུང་ཟད་ཙམ་གྱིས་ཚེ་ཟད་པ་ལས་རིང་འོང་བ་དང་འཕེལ་བའི་བསྣོན་པ་བྱེད་མཁན་ནི་དཀའ་བས། དེ་ཉིད་སྔ་མ་ལས། ཚེ་འདི་ཟད་པར་འགྱུར་བ་ལས། བསྣོན་པ་གུད་ནས་འོང་མིན་ན། ཞེས་གསུངས་པ་དེ་བཞིན་དུ་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྡོ་རྗེའི་སྐུ་ཡང་མི་རྟག་པའི་ཚུལ་བསྟན་པ་དང་བྱང་ཆུབ་སེམས་དཔའ་དགྲ་བཅོམ་པ་གྲུབ་པ་ཐོབ་པ་རྣམས་ཀྱང་རང་དབང་མེད་པ་ནི་མ་ཡིན་ནའང༌། ད་ལྟ་དངོས་སུ་སྐུ་བཞུགས་པ་ནི་མི་སྲིད་པས་ངན་པ་བདག་ཅག་གི་མི་གཙང་བའི་གཟུགས་ཕུང་འདི་ནི་མི་རྟག་སྟེ་མྱུར་དུ་འཆི་བར་འགྱུར་བ་ཡང་ཆོས་ཅན་སྟེ། དེའི་ཕྱིར་སྐྱེས་བུ་གསུམ་གྱི་ལམ་རིམ་ཐུགས་དམ་གྱི་མཐིལ་དུ་གྱུར་པ་མི་རྟག་པ་གོམས་པ་འདི་ཤིན་ཏུ་གལ་ཆེ་བ་ཡིན་པས་དེ་རྣམས་གསལ་འདེབས་པའི་ཕྱིར། སྣོད་བཅུད་འགྱུར་བའི་ཆོས་ཅན་སྒྱུ་མའི་འཕྲུལ། །ནམ་མཁའི་འགྱུར་ལྡོག་རྡོ་རྗེའི་གཟུགས་སྐུ་ཡང༌། །མྱ་ངན་འདས་ཞེས་འཇིག་རྟེན་འདིར་གྲགས་ན། །བདག་གི་ངན་སྐྱུགས་ཕུང་པོ་ཆུ་བུར་འདི། །ཅི་སྟེ་རྟག་པར་འགྱུར་ཞེས་མི་རྟག་བསྒོམ། ཞེས་རྣམ་པ་ཀུན་ཏུ་མ་བརྗེད་པར་བྱའོ། །གསུམ་པ་ནི། ཐོབ་པར་དཀའ་བའི་མི་ལུས་རིན་པོ་ཆེ་ཐོབ་ཀྱང་དེ་མྱུར་དུ་མི་རྟག་ཅིང་འཆི་བར་འདུག་པས། ད་ནི་ཚེ་རབས་གཏན་དུ་རང་གི་དོན་འགྲུབ་པ་ཕ་མར་གྱུར་པའི་སེམས་ཅན་ལ་ཕན་ཐོགས་པ་ཞིག་ངེས་པར་དགོས་པ་ནི་གཞིར་གྲུབ་པས། དེ་ཇི་ལྟར་བྱས་ན་ལེགས་པར་བརྟགས་ཤིང་དཔྱད་ན་འདི་དང་ཕྱི་མ་གཏན་དུ་མི་དགེ་སྡིག་པའི་ལས་ཀྱིས་ངན་སོང་གསུམ་དང་རིགས་དྲུག་ཏུ་འཁོར་ཞིང་སྡུག་བསྔལ་ཚད་མེད་པ་མྱོང་བ་དང༌། དགེ་བ་དང་སྡིག་པ་མི་དགེ་བ་འདྲེས་མར་སྤྱོད་པའི་ལས་ཀྱིས་མངོན་མཐོ་ལྷ་དང་མིའི་གནས་རྣམས་སུ་སྐྱེ་ཞིང་བདེ་སྡུག་འདྲེས་མར་འབྱུང་བ་དང༌། སྐྱེས་བུ་དམ་པས་ཟིན་པར་གྱུར་ཅིང་མཐར་ཐུག་རྣམ་མཁྱེན་གྱི་ལམ་བཟང་པོར་ཞུགས་ན་གཏན་དུ་བདེ་བ་རྫོགས་པའི་བྱང་ཆུབ་ཏུ་སངས་རྒྱས་ཤིང་ཇིི་ལྟ་བ་མཁྱེན་པའི་སྒོ་ནས་རང་དོན་ཆོས་ཀྱི་སྐུ་དང༌། ཇི་སྙེད་མཁྱེན་པའི་གཟུགས་སྐུ་གཉིས་ཀྱིས་འགྲོ་དྲུག་སེམས་ཅན་གྱི་དོན་འབད་མེད་ལྷུན་གྲུབ་ཏུ་འབྱུང་བ་ཡིན་ཕྱིར། རྒྱུ་སྡིག་པ་སྤངས་ནས་ངན་སོང་གི་སྡུག་བསྔལ་ལས་བྲལ་དགོས་པར་འདུག་པ་དང༌། རྒྱུ་དགེ་བ་བསྒྲུབས་པས་བདེ་བ་ཐོབ་ཅིང་བླ་ན་མེད་པའི་གོ་འཕང་རིམ་གྱིས་བགྲོད་དགོས་པ་ཤེས་ནས་ཐོག་མར་དགེ་སྡིག་གི་འདོར་ལེན་གོ་མ་ལོག་པར་དགེ་བ་ཆུང་ངུ་ནས་བསྒྲུབ་ཅིང་བསགས། སྡིག་པ་ཆུང་ངུ་ནས་འགོག་ཅིང་སྤངས་དགོས་པ་ཡིན་ཏེ། མེ་སྟག་གིས་རི་བོ་བསྲེགས་པ་དང༌། ཆུ་ཐིགས་རྒྱ་མཚོར་ལྷུང་བ་བཞིན་ཏེ། གཞན་ཡང་དགེ་སྡིག་དང་རྒྱུ་འབྲས་ཇི་བཞིན་པ་ནི། རྫོགས་པའི་སངས་རྒྱས་ཀྱི་སྤྱོད་ཡུལ་ཏེ་བདག་ཅག་གནས་དང་གནས་མིན་མཁྱེན་པའི་སྟོབས་དབེན་ཕྱིར་སྨྲ་མི་ནུས་ཀྱང་རྒྱལ་དང་དེ་སྲས་རྣམས་ཀྱིས་ཐོག་མར་ཆེ་ལོངས་སུ་སྨོས་པར་མཛད་པ་མི་དགེ་བ་བཅུ་དང་དགེ་བ་བཅུར་གསུངས་པའི་སྡོམ་ནི། སྲོག་གཅོད་རྐུ་དང་ལོག་གཡེམས་ལུས་ཀྱི་གསུམ། རྫུན་དང་ཕྲ་མ་ཚིག་རྩུབ་ངག་འཆལ་བཞི། བརྣབ་སེམས་གནོད་སེམས་ལོག་ལྟ་ཡིད་ཀྱི་གསུམ། ཞེས་གསུངས་པ་ལྟར། དེ་ཡང་ཁམས་དྲུག་དང་ལྡན་པའི་མི་དང་མིར་ཆགས་པ་དང༌། གཞན་ཡང་ལུས་ཅན་མཐའ་དག་གི་སྲོག་བཅད་པ་དང་གཅོད་དུ་འཇུག་པ་དང༌། བསད་པ་ལ་རྗེས་སུ་ཡི་རང་ཞིང་དེ་དག་ལ་བསྔགས་པ་བརྗོད་པ་སོགས་དང༌། ཁྱད་པར་དུ་དུས་དབང་གིས་མཚམས་མེད་པ་ལྔའི་ལས་དང༌། དེ་དང་ཉེ་བའི་ལས་སངས་རྒྱས་དང་ཆ་མཚུངས་བླ་མ་སློབ་དཔོན་ཕ་མ་དགྲ་བཅོམ་སོགས་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་ཞེས་འཚེ་བའི་བསམ་སྦྱོར་མི་རིག་པའི་ལས་ངན་པ་བཅས་པའི་འབྲས་བུས་དམྱལ་བ་ཡང་ཤི་ཡང་སོས་སུ་གཤེད་མས་འཚོད་ཅིང་གཅོད་སྦྱོང་བྱེད་པ་དང༌། རྣམ་སྨིན་ཚེ་རབས་ཀུན་ཏུ་རང་སྲོག་གཞན་གྱིས་གཅོད་པ་དང༌། རྒྱུ་མཐུན་གྱི་འབྲས་བུ་ཚེ་ཐུང་བ་དང༌། དབང་གི་འབྲས་བུས་དུས་ཀུན་གཤེད་མ་དང་འཕྲད་ཅིང་གསོད་པར་བཤོམ་པ་ལྟ་བུ་དང༌། མ་བྱིན་པ་བླངས་པ་ལའང་གཞན་གྱིས་མ་བྱིན་པར་ཟས་ནོར་ཆེ་ཆུང་གི་རིགས་བརྐུས་པའི་ལས་ཀྱིས་ཡི་དྭགས་བཀྲེས་སྐོམ་ཅན་དང༌། བྱ་གཅན་མི་དབུལ་པོ་སོགས་ཏེ་རིམ་པས་གོང་ལྟར་སྦྱོར་ཞིང༌། ལོག་པར་གཡེམས་པ་ཞེས་ལམ་འཇུག་ཁྲིམས་བཅས་པ་རྣམས་ལ་བུད་མེད་སྤྱི་དང༌། འཇིག་རྟེན་ཕལ་པ་རྣམས་ལ་རང་གི་ཆུང་མ་མ་ཡིན་པར་གཞན་དུ་གཡེམས་ཞིང་ཁྱད་པར་ཉེ་དུ་མ་སྲིང་རྣམས་ལ་འཁྲིག་པ་སྤྱད་པ་དང༌། དེ་དག་ནི་ལུས་ཀྱི་མི་དགེ་རྣམ་གསུམ་དང༌། རྫུན་ལའང་མ་ཤེས་པས་ཤེས་པ་མ་མཐོང་བ་མཐོང་ངོ་སོགས་ཟོབ་དང་གཡོ་རྒྱུས་གཞན་བསླུ་བྲིད་བྱེད་པ་སྟེ་མི་ཆོས་བླ་མའི་རྫུན་དང༌། རང་གི་དོན་བསྒྲུབ་ཕྱིར་འཁྱོག་པོའི་རྫུན་དང༌། གཞན་ལ་ཕན་བྱེད་ཀྱི་རྫུན་དགེ་བའི་ཆར་གཏོགས་པ། རང་ལ་ཕན་གནོད་མེད་ཀྱང་དེ་ལས་ལྡོག་པ་གཞན་ལ་བསམ་ངན་གྱི་རྫུན་དང༌། རང་གཞན་གཉིས་ཀར་ཕན་གནོད་མེད་པར་གང་སྨྲས་དྲང་པོ་མིན་པར་བརྗོད་པ་རྣམས་ནི་རྗུན་དང༌། མི་མང་པོ་ཉུང་ངུ་སོགས་ཕན་ཚུན་འཐབ་རྩོད་ལ་སྦྱོར་བའི་ཕྱིར་མ་སྨྲས་པ་ཞིག་སྨྲས་སོ་མ་བྱས་པ་ཞིག་བྱས་སོ་ཞེས་མཐུན་གཉིས་དབྱེ་བའི་དབྱེན་བྱས་པ་ནི་ཕྲ་མའོ། །དོན་ཡོད་མེད་ཀུན་ལ་ཚིག་བརླང་པོ་དང་ངག་རྩུབ་པོ་སྨྲ་བ་སྟེ་གཞན་སུན་འབྱིན་པ་རྣམས་ནི་ཚིག་རྩུབ་མོའོ། །དོན་མེད་པའི་གཏམ་སྣ་ཚོགས་དྲི་བཤད་མང་པོ་དང༌། ཁྱད་པར་དཀོན་མཆོག་གི་ཕྱོགས་ལ་སྐུར་པ་འདེབས་པ་སོགས་བསྟོད་འོས་མིན་པར་བསྟོད་པ་སྨད་འོས་མེད་པ་སྨད་པ་སོགས་ལས་ངན་བསགས་པའི་ཚིག་རྣམས་ངག་འཆལ་ལོ། །དེ་དག་རྣམས་ནི་ངག་གི་མི་དགེ་བཞིའོ། །ལུས་ངག་ཡིད་གསུམ་གྱི་ཚུལ་དང་སྤྱོད་པ་གཞན་ལས་བདག་ཉིད་ལྷག་གོ་སྙམ་པ་དང༌། གནས་ཡུལ་ཞིང་ཁང་ནོར་རྫས་རྒྱན་ཡོ་བྱད་སོགས་གཞན་ལས་རང་གི་དེ་ཉིད་ཞན་ཀྱང་བཟང་ངོ་སྙམ་པ་ནི་རང་ལ་བརྣབ་པ་དང༌། གཞན་གྱི་དཔལ་འབྱོར་སྙན་གྲགས་ཟས་ནོར་ཡོ་བྱད་སོགས་བདག་ལ་ཡོད་ན་སྙམ་པ་གཞན་ལ་བརྣབ་པའོ། །རྣམ་པ་ཀུན་ཏུ་གཞན་གྱི་ཕྱོགས་ལ་བསམ་པ་ངན་ཞིང་མི་འདོད་པ་རེད་ན་དགའ་བ་བསྒོམ་པ་སོགས་ནི་གནོད་སེམས་དང༌། དཀོན་མཆོག་གསུམ་གྱི་ཕྱོགས་ལ་དད་གུས་མེད་པའི་སྟེང་ལ་འདི་རྣམས་ཀྱིས་མི་ཕན་ནོ། མི་སྐྱོབ་བོ། གཏན་ནས་མི་བདེན་ནོ། མི་བཟང་ངོ་བསམ་པར་མ་ཟད་ལྟ་སྒོམ་སྤྱོད་པའི་ཕྱོགས་ཀྱང་མུ་སྟེགས་ལྟར་གོ་ལོག་ཏུ་སོང་བ་རྣམས་ནི་ལོག་པར་བལྟ་བ་སྟེ་ཡིད་ཀྱི་མི་དགེ་བ་གསུམ་དང༌། མི་དགེ་བ་བཅུ་པོ་འདི་ཅི་ནུས་སུ་སྤང་ཞིང༌། དེ་དག་གི་ལས་དང་རྣམ་སྨིན་རྒྱུ་མཐུན་དབང་དང་གསུམ་གྱི་འབྲས་བུ་ཞིབ་པར་གཞན་ནས་རྟོགས་པར་བྱས་ལ་དཔྱད་གཞིག་གིས་རྒྱུ་འབྲས་ལ་འཁྲིག་ཚུད་པ་ཞིག་ཅི་ནས་ཀྱང་བྱེད་ཅིང་དེ་ལྟ་བུའི་མི་དགེ་བ་དེ་ལས་ལྡོག་པ་ཆེ་ལོངས་སུ་སྨོས་པ། ལུས་དང་ཚུལ་བཟང་ཞིང་སྤྱོད་ལམ་བཟང་པོས་གཞན་ལ་ཕན་འདོག་པའི་ཆ་ཐམས་ཅད་དང༌། ངག་གི་ཚིག་བདེན་ཞིང་གཞན་ལ་ཕན་པའི་ངག་དང་དོན་བཟང་པོ་འཇམ་ཞིང་ཡིད་དུ་འོང་བ་སྨྲ་བ། ཡིད་གཞུང་ཞིང་གཞན་རྣམ་པ་ཀུན་ཏུ་གཞན་ལ་གང་ཕན་གྱི་བསམ་པ་དང༌། མཐར་ཐུག་རང་ཉིད་བློ་ཆོས་ལ་ཕྱོགས་ཤིང་གཞན་ལ་ཡང་དེ་བཞིན་ཆོས་ལ་སྦྱོར་བའི་བསམ་པ་དང་ལྡན་པ་སྤྱིར་བཏང་དང༌། ཞིབ་པར་ཕ་རོལ་དུ་ཕྱིན་པ་དྲུག་གི་བསླབ་སྦྱངས་ཁོ་ན་ལ་བརྩོན་པ་ནི་དགེ་བ་བཅུའི་ལས་ལམ་དང་ཧྲིལ་གྱིས་དྲིལ་ན་གཞན་ལ་བསམ་པ་དང་སྦྱོར་བ་རྣམ་པ་ཀུན་ཏུ་དཀར་བ་ཐམས་ཅད་དགེ་བའི་ཆ་དང༌། རང་དོན་ཁོ་ནར་བློ་ཕྱོགས་ཤིང་གཞན་ལ་གནོད་པར་གྱུར་ཀྱང་ཇི་མི་སྙམ་དུ་འཇུག་པ་ནི་བསམ་སྦྱོར་ནག་པ་དང༌། དེ་དག་གི་འབྲས་བུ་སྡོམ་ནི། བྱིས་པས་རང་དོན་བསྒྲུབས་པས་འཁོར་བར་འཁྱམས། ཐུབ་པས་གཞན་དོན་བསྒྲུབས་པས་སངས་རྒྱས་ཐོབ། དཀར་ནག་ལས་ཀྱི་འབྲས་བུ་རྣམས་མི་གོད་ཅིང་འཕེལ་བར་འགྱུར་བ་དང༌། ལས་རྣམས་ཆུད་ཟ་བ་དང་སྨིན་པའི་ལོངས་སྐབས་མེད་པ་དང་གཞན་དུ་འགྱུར་བ་ནི་ནམ་ཡང་མི་སྲིད་པས། མདོ་ལས། ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། འབྲས་བུ་ཉིད་དུ་སྨིན་པར་འགྱུར། ཞེས་གསུངས་པས། དགེ་སྡིག་རང་རང་གི་འབྲས་བུ་བདེ་སྡུག་གོ་མི་འཆོལ་བར་འབྲས་ཀྱི་ས་བོན་ལ་འབྲས་དང༌། གྲོའི་ས་བོན་ལ་གྲོ་སྨིན་པ་ལྟར་བསླུ་བ་མེད་པར་དགེ་སྡིག་གི་ལས་རང་ལ་སྨིན་པར་འགྱུར་རོ། །དེས་ན་རྣམ་པ་ཀུན་ཏུ་དགའ་བ་བདེ་བ་འདོད་པ་མ་གཏོགས་སྡུག་ཅིང་བསྔལ་དགོས་པའི་འདོད་པ་དང་བསམ་པ་ནི་སུ་ལ་ཡང་མེད་ཕྱིར་དེས་ན་ད་རེས་ལུས་རྟེན་འདིར་བདེ་བའི་རྒྱུ་བསགས་ན་གཞན་དུ་བདེ་དགའ་བཟང་པོ་སྤྱོད་རྒྱུ་ཡོད་ཕྱིར་སྡིག་པ་སྤངས་ཤིང་དགེ་བ་ངེས་པར་བསྒྲུབ་དགོས་པར་ཤེས་པ་ནི་རྒྱུ་འབྲས་ཀྱི་སྐབས་བརྗོད་པའོ། །དེ་དག་གི་སྡོམ་པ་ནི། ལས་ནི་ནམ་ཡང་བསླུ་བ་མེད་པ་སྟེ། །སྡིག་པའི་འབྲས་བུས་ངན་སོང་སྡུག་བསྔལ་དང༌། །དགེ་བས་མངོན་མཐོ་བླ་མེད་ཐར་པ་འཐོབ། །གནས་སྐབས་སྡིག་སྤྱོད་འཇིག་རྟེན་ཀུན་གྱིས་སྨད། །དམ་པའི་ཆོས་སྤྱོད་ཕུན་སུམ་ཚོགས་པ་འགྲུབ། །མཐོང་ཆོས་ངེས་པ་འདི་ལ་ཡིད་ཆེས་བྱ། ཞེས་བསྒོམ་པར་བྱའོ། །བཞི་པ་ནི། མི་ཚེ་ཕྱིད་ཐབས་ཀྱི་ལས་ཐམས་ཅད་ནི་སྡིག་པ་ཁོ་ན་ཡིན་པར་མ་ཟད་ཟས་གོས་གནས་གྲོགས་ཐམས་ཅད་སྡིག་པའི་ཁ་སྣོན། མི་དགེ་བའི་ཁུར་ཡིན་པ་དང༌། ལུས་ཅན་རང་རང་གི་ཡུལ་བྱང་འབྲོག་རང་རང་གི་ཞིང་ཁང་རྟ་ཕྱུགས་སྐྱོང་བྲན་དགྲ་འདུལ་གཉེན་སྐྱོང་འདི་བྱ་འདི་ལས་ཀྱི་ཐབས་ཀ་ཁ་ཏ་ཚོང་ཁེ་བུན་སྐྱེད་སོགས་ལ་དལ་ཁོམ་མེད་པར་གཡེངས་ཤིང་བྱ་བ་འདི་བསྒྲུབ་བོ་སྙམ་པའི་རན་ཚོད་དང་ངོམས་ཤིང་ཐག་ཆོད་སོགས་མེད་པར་གཅིག་ལས་གཉིས་གཉིས་ལས་གསུམ་སོགས་འཆི་ངེས་པར་གྱུར་ཀྱང་འགྲུབ་མི་སྲིད་པའི་འདོད་པ་དེ་ནི་ཟད་པ་མེད་པར་འཕེལ་བཞིན་པའི་ངང་ནས་གློ་བུར་གཤིས་ངན་བཅོ་བརྒྱད་ཀྱི་དབང་གིས་དྲན་ལོངས་བསམ་ལོངས་མེད་པར་གུམ་པའམ་འཆི་བའི་མལ་དུ་ཉམ་ཐག་པར་གནད་གཅོད་ཀྱི་སྡུག་བསྔལ་དྲག་གོ་མི་བཟོད་བཞིན། ཀྱེ་མ་ད་རེས་མི་ལུས་ཐོབ་པ་དོན་མེད་ཆུད་ཟོས་སུ་སོང་བ་ཤེས་བཞིན་དྲན་བཞིན་དམ་པའི་ཆོས་ཤིག་མ་བསྒྲུབས་པས་ད་འཆི་བར་ཀྲིག་གིས་ཐུག་བྱུང༌། སྨན་དང་སྔགས་དང་རིམ་འགྲོའི་ད་རེས་བསུ་ཐབས་ཞིག་ཡོད་ན་ད་ཕན་ཆོས་ཤིག་བསྒྲུབ་བསམས་ཀྱང་ཕྱིས་ནས་བྱུང་བསམ་ཞིང་འགྱོད་པ་སྐྱེས་ཀྱང་བྱ་ཐབས་བྲལ། དེ་དག་ནི་དབང་པོ་གསལ་ཞིང་རང་དབང་ཡོད་པའི་དུས་སུ་ཆོས་མ་བསྒྲུབ་ཅིང༌། རང་མགོ་རང་གཡོག་བྱས་པས་ལེན་པ་ཡིན། ད་ནི་ལུས་འདི་བོར་ནས་བདེ་འགྲོ་གསུམ་དུ་སྐྱེ་བའི་དགེ་འབྲས་ནི་རང་ལ་མེད། བྱས་ཚད་མི་དགེ་བ་དང་སྡིག་པ་ཁོ་ནར་སོང་བས་ངན་སོང་གསུམ་དུ་ངེས་པར་སྐྱེ་འགྲོ་བར་འདུག དེ་དག་གི་སྡུག་བསྔལ་བཟོད་དཀའ་བ་དང་ཡུན་གྱི་ཚེ་ཚད་སོགས་ལ་བསམ་ན་བློ་ཡི་ཐང་ཆད་པ་ཞིག་ནི་ངེས་པར་འོང་ཞིང༌། དེ་ཡང་ནམ་ཡོང་ཆ་མེད་པས་གློ་བུར་རྦུད་ཀྱིས་མ་སོང་གི་བར་བསམ་ཞིང་གཞིག་པར་བྱ་སྟེ། འགྲོ་བ་རིགས་དྲུག་ཏུ་ཟོ་ཆུའི་འཁྱུན་ལྟར་དོན་མེད་སྡུག་བསྔལ་གྱི་རང་བཞིན་ཏུ་འཁོར་བ་ནི་རང་གིས་རང་ལ་བྱས་པ་ཉིད་དེ་དེ་དག་ཤེས་ནས་མྱུར་དུ་དམ་པའི་ཆོས་ལ་བརྩོན་དགོས་པའི་སྡོམ་ནི། ཀྱེ་མ་རང་ཉིད་མཁས་ཤིང་གྲུང་པོ་ཡིན་སྙམ་ཡང༌། །བློ་ནོར་གནས་སྐབས་མཐར་ཐུག་ཐམས་ཅད་དུ། །རང་ལ་གནོད་པ་བསྒྲུབས་པས་མི་ཚེ་བསྐྱལ། །ཕན་པའི་བྱ་བ་བླ་མེད་དམ་པའི་ཆོས། །འདི་སྒྲུབ་འདི་ཙམ་གྲུབ་པར་གྱུར་ཏོ་ཞེས། ཡིད་གཏད་མེད་པས་ད་ནི་བློ་ཐག་ཆོད། ཞེས་དམ་པའི་ཆོས་བསྒྲུབ་པར་བློ་ཐག་ལིང་གིས་བསྒྲུབ་པར་བྱའོ། །དེ་ལྟར་ཐུན་མོང་གི་སྔོན་འགྲོ་ཆོས་བཞི་ཞེས་པ་འདི་ནི་ཐུན་མོང་ཞེས་གལ་ཆུང་ངུ་ཞིག་གི་སྐད་དོད་མ་ཡིན་ཞིང༌། དམ་པའི་ཆོས་ཤིག་བསྒྲུབ་ཕན་ཆོད་འདི་ཉིད་མེད་ན་མི་རུང་ཞིང༌། ཆོས་ཀུན་གྱི་རྩ་བ་དང་རྨིང་གཞི་ལྟ་བུ་ཡིན་པས་ཤིན་ཏུ་གལ་ཆེ་བར་ཤེས་དགོས་སོ། ། ༈ དེ་ནས་ལམ་ཐུན་མོང་མ་ཡིན་པ་རྒྱུ་མཚན་ཉིད་ཀྱིས་ཐེག་པའི་སྙིང་པོ་གསང་སྔགས་ཀྱི་ཐོག་མའི་ལམ་རིམ་ནང་གི་སྔོན་འགྲོ་བཞི་ནི། དེའང་བསླུ་མེད་ཀྱི་སྐྱབས་འཚོལ་བ། རང་རྒྱུད་ཀྱི་སྡིག་པ་སྦྱོང་བ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་ཕྱིར་མཎྜལ་འབུལ་བ། བྱིན་རླབས་མྱུར་དུ་འཇུག་ཕྱིར་བླ་མའི་རྣལ་འབྱོར་སྙིང་ཕུར་དུ་བྱ་བ་དང་བཞིའོ། །དེ་ཡང་དང་པོ་སྐྱབས་སུ་འགྲོ་བ་ལ་ཡང་དྲུག སྐྱབས་ཡུལ་ངོས་བཟུང་བ་ཡུལ་དེ་དག་བསྒོམ་པ། བསྐྱབ་བྱ་ངན་སོང་འཁོར་བའི་སྡུག་བསྔལ་ལས་སྐྱོབས་དགོས་པ་བསྐྱོབས་པའི་འབྲས་བུ་བསྟན་པ། རྗེས་འབྲེལ་ཐེག་པ་ཆེན་པོའི་སེམས་བསྐྱེད་པ་འཁོར་གསུམ་ཡོངས་དག་གིས་རྒྱས་གདབ་ཅིང་མཐར་སྐྱབས་ཡུལ་བསྡུ་བའོ། །དེ་ཡང་དང་པོ་ནི། སྤྱིར་འཇིག་རྟེན་ཕལ་ཆེར་དང་ཕྱི་རོལ་མུ་སྟེགས་པ་རྣམས་ཀྱི་སྐྱབས་ནི་འཇིག་རྟེན་གྱི་གཙོ་བོ་ཚངས་པ་དང་ཁྱབ་འཇུག་དབང་ཕྱུག་སོགས་ལ་སྐྱབས་སུ་འགྲོ་ཡང་བདག་ཅག་ནང་པའི་བསྟན་པ་ལ་ཞུགས་པ་རྣམས་ཀྱི་སྐྱབས་སུ་འགྲོ་བའི་ལམ་ཆགས་བྲལ་དམ་པའི་ཆོས་དང༌། ལམ་གྱི་གྲོགས་ཐེག་པ་ཆེ་ཆུང་གི་དགེ་འདུན་གཉིས་ནི་གནས་སྐབས་ཀྱི་ལམ་གྱི་སྟེགས་དང༌། གྲོགས་འཇིགས་སྐྱོབས་ཀྱི་ཚུལ་ཏེ་གནས་སྐབས་ཀྱི་སྐྱབས་ཏེ། བླ་ན་མེད་པ་གཏན་གྱི་སྐྱབས་གཅིག་རྫོགས་པའི་སངས་རྒྱས་ཏེ་སྐུ་གསུམ་གྱི་སྟོན་པ་དེ་དག་དང་གཉིས་སུ་མེད་ཅིང་རང་ལ་སངས་རྒྱས་དངོས་ཀྱི་བཀའ་དྲིན་ལས་ལྷག་པ་བླ་མ་སངས་རྒྱས་རིན་པོ་ཆེ་དང༌། ཁྱད་པར་དོན་དམ་ངེས་པ་རང་སེམས་སངས་རྒྱས་ཉག་གཅིག་སྐྱབས་ཀྱི་མཆོག་དང་ཕུལ་དུ་་གྱུར་པ་ཡིན་པའི་ཚུལ་ཐེག་པ་ཆེན་པོ་རྒྱུད་བླ་མ་ལས་ཇི་ལྟར་གསུངས་པ་བཞིན་ཡིན༌། གཞན་འཇིག་རྟེན་འདིར་མཐུ་ཆེ་བར་གྲགས་པའི་ཚངས་པ་དང་དབང་ཕྱུག་སོགས་ནི། རང་ཉིད་འཁོར་བའི་སྡུག་བསྔལ་ལས་མ་འདས་ཕྱིར་གཞན་སྐྱོབས་པར་མི་ནུས་ཤིང༌། འཁོར་ལོས་སྒྱུར་རྒྱལ་དང་རྒྱ་དཀར་ནག་གི་རྒྱལ་པོ་སོགས་གནས་སྐབས་དབང་ཕྱུག་བཙན་པར་གྲགས་ཀྱང་ཁོ་རང་རྣམས་འཁོར་བའི་སྡུག་བསྔལ་ལས་མ་འདས་ཤིང༌། འཁོར་བར་འཁོར་བཞིན་པས་བདག་ཅག་སྐྱོབས་པར་ག་ལ་ནུས། དེ་བས་ན་འཁོར་བའི་ཕ་རོལ་ན་སོན་ཞིང་སྟོབས་བཅུ་མི་འཇིགས་པ་བཞི་མ་འདྲེས་པ་བཅོ་བརྒྱད་སོགས་མངའ་ཞིང་ཡོན་ཏན་བྱེ་བ་འབུམ་གྱི་བདག་ཉིད་རྫོགས་པའི་སངས་རྒྱས་རྣམས་དང༌། དེས་གསུངས་དམ་པའི་ཆོས་ཐམས་ཅད་དང༌། འཕགས་པ་དང་ཉན་རང་སློབ་མར་བཅས་པ་རྣམས་ནི་འཁོར་བའི་སྡུག་བསྔལ་ལས་སྐྱོབས་ནུས་ངེས་པ་ཅན་ཏེ། འཁོར་བའི་ཆུ་བོ་ལས་སྒྲོལ་བའི་གཉན་པ་གྲུ་གཟེངས་ལྟ་བུ། འགྲོ་དྲུག་བདག་ཅག་རྣམས་ལ་ཐུགས་བརྩེ་བའི་རང་བཞིན་ཕ་མ་ལྟ་བུ། རྟོག་མེད་བྱམས་དང་སྙིང་རྗེ་ཆེན་པོས་སྐྱོང་བ་ཉི་མ་ལྟ་བུ་འདི་དག་གིས་འཁོར་བའི་སྡུག་བསྔལ་ལས་སྐྱོབས་ནུས་ངེས་པ་ཅན་ཡིན་ཕྱིར་དེ་དག་སྐྱབས་སུ་འཚོལ་ཞིང་ངོས་བཟུང་དགོས་སོ། །གཉིས་པ་སྐྱབས་སུ་ཇི་ལྟར་འགྲོ་བའི་ཚུལ་ནི། རང་ཉིད་ཡིད་ཚིམ་པའི་ཕྱིར། མདུན་གྱི་ནམ་མཁར་ཞིང་ཁམས་ཕུན་སུམ་ཚོགས་པ་ལག་མཐིལ་ལྟར་མཉམ་ཞིང་བཻཌཱུརྻ་ལྟར་དྭངས་བའི་དབུས་སུ་སེང་གེའི་ཁྲི་ལྔ་ཚོམ་དབུས་མའི་སྟེང་དུ་རྩ་བའི་བླ་མ་རྡོ་རྗེ་འཆང་ལ་བཀའ་བབ་ཆུ་བོ་བཞི་སོགས་ཕྱག་ཆེན་དོན་བརྒྱུད་ཀྱི་བླ་མ་རྣམས་དང་ཏཻ་ལོ་ནཱ་རོ་མཻ་ཏྲི་མར་མི་དྭགས་པོ་དར་མ་དབང་ཕྱུག་སོགས་ནས་རྩ་བའི་བླ་མའི་བར་བཀའ་བརྒྱུད་པའི་བླ་མ་ཐམས་ཅད་མུ་ཏིག་བསྟར་ལ་བརྒྱུས་པ་ལྟར་ཁྲོམ་འཚོགས་སུ་བཞུགས་པའི་ཤར་གྱི་ཁྲི་ལ་ཡི་དམ་འཁོར་ལོ་བདེ་མཆོག་དུས་ཀྱི་འཁོར་ལོ་དགྱེས་རྡོར་གསང་འདུས། མ་ཧཱ་མ་ཡ་སོགས་རྣལ་འབྱོར་བླ་མེད་དང༌། གཞན་ཡང་བྱ་སྤྱོད་རྣལ་འབྱོར་སོགས་ཕྱི་ནང་རྒྱུད་སྡེའི་ཡི་དམ་ལྷ་ཚོགས་གཙོ་བོ་ཤིན་ཏུ་གསལ་བ་ལ་འཁོར་རྣམས་ཉི་མ་ལས་འོད་ཟེར་བཞིན་བསྒོམ་པ་དང༌། གཡས་གྱི་ཁྲིར་དུས་གསུམ་གྱི་སངས་རྒྱས་ལ་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་རྩ་གཉིས་ཕྱོགས་བཅུའི་སངས་རྒྱས་སོགས་ལོངས་སྐུ་སྤྲུལ་སྐུའི་རྣམ་པ་མཚན་དང་དཔེ་བྱད་སོགས་ལྟ་བས་ཆོག་མི་ཤེས་པར་མོས། རྒྱབ་ཀྱི་ཁྲིར་ཀུན་དགའ་ར་བ་དང་བླ་རེ་སོགས་རྒྱན་བཀོད་པ་ཕུན་སུམ་ཚོགས་པའི་ནང་དུ་ཐེག་པ་ཆེ་ཆུང་གི་དམ་པའི་ཆོས་རྣམས་པུསྟི་གསུང་རབ་གླེགས་བམ་གྱི་ཚུལ་དུ་ཡིག་འབྲུ་རང་རང་གི་དབྱངས་དང་གསལ་བྱེད་ཀྱི་སྒྲ་དང་དུམ་བུ་རང་རང་གི་ཚིགས་སུ་བཅད་པ་རེ་རེ་དང་ཤྭ་ལོ་ཀ་རེ་རེའི་དོན་གྱི་རང་སྒྲ་དི་རི་སྒྲོགས་པའི་གདོང་རྣམས་སུ་སྐྱེ་བ་མེད་པའི་ཡིག་འབྲུ་ཨ་དཀར་པོ་ཤིན་ཏུ་གསལ་བ་རེ་རེས་མཚན་པར་བསྒོམ། གཡོན་གྱི་ཁྲིར་ཉེ་བའི་སྲས་ཆེན་བརྒྱད་བྱང་ཆུབ་སེམས་དཔའ་སེམས་མའི་ཚོགས་རྣམས་དང༌། རྡོ་རྗེ་རྣལ་འབྱོར་མ་སོགས་གནས་ཉི་ཤུ་རྩ་བཞིའི་དཔའ་བོ་མཁའ་འགྲོ་མ་ངེས་པའི་གྲུབ་ཐོབ་རྣལ་འབྱོར་ཕོ་མོ་སོགས་ཐེག་པ་ཆེན་པོའི་དགེ་འདུན་དང༌། གདེང་བ་སོགས་སྟན་རྐྱང་རྣམས་ཀྱི་སྟེང་དུ་གཏད་རབས་དགུ་དང་གནས་བརྟན་བཅུ་དྲུག་དགྲ་བཅོམ་པ་རང་སངས་རྒྱས་ཉན་ཐོས་ཀྱི་དགེ་འདུན་ཐམས་ཅད་དབུ་ཟླུམ་ཞབས་རྗེན་ཆོས་གོས་གསུམ་དང་བཅས་པ་ཐམས་ཅད་འོད་དང་འོད་ཟེར་གྱི་ཕུང་པོ་འཚེར་ཞིང་ལྷང་ངེ་ལྷན་ནེ་ལྷམ་མེར་གསལ་ཞིང་ཕྱག་མཚན་ལྷུང་བཟེད་འཁར་གསིལ་ཐོགས་པ། དེ་དག་གི་གདན་ཁྲིའི་འོག་ཙམ་དུ་ཡེ་ཤེས་ཀྱི་ཆོས་སྐྱོང་མ་མགོན་ལྕམ་དྲལ་ཐམས་ཅད་ཕ་དང་ཁུ་བོའི་ཚུལ་དུ་བཞུགས་པ་ནི་སྐྱབས་ཡུལ་བསྐྱེད་པའོ། །དེ་དག་གསལ་གདབ་པ་ནི། མདུན་མཁར་ཡིད་སྤྲུལ་ཞིང་གི་བཀོད་པ་ནི། །ཕུན་ཚོགས་དབུས་སུ་སེང་ཁྲི་ལྔ་ཚོམ་གྱི། །དབུས་མར་བླ་མ་རྡོ་རྗེ་འཆང་ཆེན་ལ། །གྲུབ་ཐོབ་བཀའ་བརྒྱུད་བླ་མ་རྣམས་ཀྱིས་བསྐོར། །མདུན་དུ་ཡི་དམ་འཁོར་ལོ་སྡོམ་པ་ལ། །ཡི་དམ་རྒྱུད་སྡེའི་ལྷ་ཚོགས་ཀུན་གྱིས་བསྐོར། །གཡས་སུ་དུས་གསུམ་ཕྱོགས་བཅུའི་སངས་རྒྱས་ལ། །བསྐལ་པ་བཟང་པོའི་སངས་རྒྱས་སྟོང་གིས་བསྐོར། །རྒྱབ་ཏུ་གསུང་རབ་དམ་པའི་ཆོས་མཆོག་རྣམས། །རང་སྒྲར་བཅས་ཏེ་འོད་ཟེར་སྤུངས་སེ་བཞུགས། །གཡོན་དུ་ཉེ་སྲས་དཔའ་བོ་རྣལ་འབྱོར་མ། །གྲུབ་ཐོབ་ཉན་རང་དགེ་འདུན་ཚོགས་དང་བཅས། །འོག་ཏུ་ཡེ་ཤེས་ཆོས་སྐྱོང་སྲུང་མ་རྣམས། །མེ་དཔུང་ཀློང་ན་བར་ཆད་བསལ་ཕྱིར་བཞུགས། །དེ་དག་རྣམས་ལ་དད་གསུམ་མོས་གུས་ཀྱིས། །ཁ་ཙམ་མ་ཡིན་སྙིང་ནས་སྐྱབས་སུ་མཆི། ཞེས་པ་གསལ་གདབ་པར་བྱའོ། །གསུམ་པ་ནི། དེ་ཡང་བདག་ཅག་རང་གི་རྒྱུད་ཐོག་མར་མ་རིག་གཏི་མུག་གི་དབང་གིས་བདག་གཞན་གཟུང་འཛིན་གཉིས་སུ་སྣང་ཞིང་འཁྲུལ་པ་ལས་བྱུང་བའི་ཨ་འཐས་ཇེ་ཆེར་སོང་བས་ཆགས་སྡང་རྨོངས་པ་སོགས་ཉོན་མོངས་དུག་ལྔ་ཡི་ལས་ངན་བར་མེད་དུ་བསགས་པ་དང༌། བསགས་བཞིན་པའི་ལས་འདིས་ནམ་ཡང་མི་བསླུ་བས་སྡུག་བསྔལ་དྲག་པོ་ངན་སོང་གསུམ་ནས་ཐར་དུས་མེད་པའི་ལས་དང་རྣམ་སྨིན་རྒྱུ་མཐུན་དབང་གིས་འབྲས་བུའི་བར་མེད་རིག་དྲུག་ཕལ་ཆེར་གྱི་སྡུག་བསྔལ་མྱོང་དགོས་ངེས་པ་འདི། ཉེས་སོང་བ་ལ་ཁྲིམས་ཀྱིས་ཆད་པ་མི་འབྱུང་བ་མི་སྲིད་པ་ངེས་བཞིན་ད་ནི་ཅིས་ཀྱང་འདི་ལས་ཐར་ངེས་དང་སྐྱོབས་ངེས་པ་ཞིག་འཚོལ་དགོས་སྙམ་པ་ན་དཀོན་མཆོག་གསུམ་ལས་རེ་ས་དང་སྐྱབས་གནས་གཞན་མེད། སྤྱིར་འཇིག་རྟེན་འདི་ནས་ཀྱང་རང་ཉིད་ཉེས་པར་སོང་བའི་མི་རྒྱལ་པོ་དང་བློན་པོ་སོགས་ལ་སྐྱབས་འཚོལ་བ་ལྟར། ཐབས་གང་དྲག་གིས་འཁོར་བ་ངན་སོང་གི་འཇིགས་ལས་སྐྱོབས་ཕྱིར་ཡུལ་དཀོན་མཆོག་གསུམ་ལས་སྐྱབས་དགོས་ཚུལ་ལོ། སྐྱབས་ཡུལ་གྱི་ལྷ་རྣམས་དཀྱིལ་འཁོར་ལྟ་བུ་མ་ཡིན་པར་ལྷ་ཚོགས་ཐམས་ཅད་ཀྱི་ཞལ་བདག་སོགས་སེམས་ཅན་བསྐྱབ་བྱ་རྣམས་ལ་ཐུགས་བརྩེ་བ་ཆེན་པོས་གཅེར་གྱིས་གཟིགས་ཤིང་བཞུགས་ཡོད་པར་བསམ་ལ་དད་མོས་གདུང་ཤུགས་དྲག་པོས་སྙིང་ཕུར་ཚུགས་སུ་སྐྱབས་གསོལ་བྱ་ཞིང་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལས་སྐྱོབས་པར་ཡིད་དུང་དུང་དང་ཁྱེད་ཤེས་ཀྱི་བློས་སྐྱབས་སུ་འགྲོའོ། །དེ་ལྟ་བུའི་སྐྱབས་འགྲོའི་ངག་འདོན་ནི། ན་མོ། བདག་དང་མཁའ་མཉམ་འགྲོ་བ་ཐམས་ཅད་ཀུན། །སྒོ་གསུམ་མི་དགེའི་སྡིག་འདིའི་ལས་ལྕི་བས། །ངན་སོང་འཁོར་བ་འདི་ལས་དཀོན་མཆོག་གསུམ། །ཀུན་འདུས་བླ་མ་མཆོག་ལ་སྐྱབས་སུ་མཆི། ཞེས་དོན་ཡིད་ལ་དྲན་བཞིན་པས་སྐྱབས་འགྲོ་གྲངས་ཅི་མང་ཕྱག་འཚལ་བ་དང་བཅས་འགྲུབ་བོ། །བཞི་པ་ནི། དེ་ལྟར་འབད་པས་ངན་སོང་ལས་སྒྲོལ་བའི་རྟགས་བླ་མ་དང་ལྷ་ཡིས་འཇིགས་པའི་གནས་ནས་སྐྱོབས་པ་དང༌། དགྲ་དང་གཅན་གཟན་ལ་ཆུ་འཕྲང་སོགས་འཇིགས་པའི་གནས་རྣམས་ལས་རང་ཉིད་ཐོགས་པ་མེད་པར་བརྒལ་བ་སོགས་ཉམས་རྨི་ལམ་གྱི་ལྟས་དང་ཁྱད་པར་དུ་སྔོན་དང་མི་འདྲ་བར་དཀོན་མཆོག་དང་བླ་མ་ལ་ཡིད་ཆེས་དང་དད་པ་ཐོབ་ཅིང་རང་ཉིད་ལ་ལེགས་པའི་ཡོན་ཏན་ཅི་བྱུང་བ་ཐམས་ཅད་བླ་མ་དང་དཀོན་མཆོག་གི་ཡོན་ཏན་ཡིན་ནོ་སྙམ་པའི་ཡིད་ཆེས་སྐྱེ་བ་ནི་འདི་ཕྱི་ཀུན་ཏུ་དཀོན་མཆོག་གསུམ་གྱི་ཐུགས་རྗེས་བཟུང་བའི་རྟགས་དང༌། དེར་མ་ཟད་འདི་རུ་ཚེ་རིང་ནད་མེད་དབེན་ཞིང་བདེ་བའི་དཔལ་ཡོན་ཐམས་ཅད་ངང་གིས་འགྲུབ་ཅིང་ཚེ་རབས་ཀུན་

下方的裝飾圖
  • ཀྲུང་ཧཱ་མན་གོ་འབའ་རོམ་བཀའ་བརྒྱུད་དོན་ཀུན་གྲུབ་པའི་གླིང་།
  • No.195.Section.4.Ching Daw Rd.Petun.Taichung.Taiwan.R.O.C
  • TEL: (886)04 ‑22315998
  • FAX: (886)04 ‑22315968
  • E-mail:paljor66@yahoo.com.tw